From Chosen

རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་བསྡུས་སྐུ།།
སྲིད་དུ་བཟུང་བ་འཇམ་དབྱངས་རྣམ་རྒྱལ་ཞེས།།
མཚན་དོན་མཉམ་པའི་དམ་པ་བཀའ་དྲིན་ཅན།།
མཁས་དབང་འཇམ་དབྱངས་རྣམ་རྒྱལ་ཁྱོད་ཉིད་རྒྱལ།།
ཁྱེད་ཀྱི་དྲུང་ན་ལོ་མང་རྟག་འགྲུས་ཀྱིས།།
རིག་གཞུང་དོན་དུ་གཉེར་བའི་མང་ཐོས་དག།
དྲི་བསུང་རླུང་གིས་བསྐྱོད་པའི་སྨན་ལྗོངས་བཞིན།།
བསེར་བུས་བསྐུལ་བའི་མཛད་བཟང་ཆ་ཙམ་བརྗོད།།
ཁྱོད་ཉིད་ཡེ་ནས་མཁྱེན་པའི་དཔལ་ལྡན་པས།།
ཤེས་པར་བྱ་བའི་ཤེས་བྱ་མི་སྲིད་མོད།།
འོན་ཏེ་འགྲོ་བའི་བསམ་པ་དང་མཐུན་པར།།
ཤེས་བྱའི་གནས་ལ་སྦྱངས་པའི་ཕུལ་དུ་ཕྱིན།།
གཞོན་ནུའི་དུས་ནས་ཆོས་ཀྱི་འཕྲོ་སད་དེ།།
ཅི་ཞིག་ཚོལ་བའི་འདུན་པ་དྲག་ཏུ་འཁྲུངས།།
མཁྱེན་རབ་དབང་ཕྱུག་སྡེ་གཞུང་དང་མཇལ་ཚེ།།
འདུན་མ་འགྲུབ་པའི་ཉམས་ཀྱིས་ཞབས་པད་བསྟེན།།
གང་གི་གསུང་ལས་ཁ་བ་རི་པ་ཡི།།
ཉམས་གུད་གྱུར་པའི་གསུང་རབ་ཇི་སྙེད་ཀུན།།
མྱུར་སྐྱོབས་བྱོས་ཞེས་སྐུལ་མ་མཛད་མ་ཉིད།།
བཀའ་གསུང་ཅི་བཞིན་སྒྲུབ་པའི་དམ་བཅའ་མཛད།།
ཐུགས་བསྐྱེད་རྨད་དུ་བྱུང་བའི་མ་ཕམ་ལས།།
ལེགས་འཁྲུངས་གཙུག་ལག་ཡལ་འདབ་བྱེ་བ་ཅན།།
སྤེལ་དང་འཛིན་པའི་སྙིང་སྟོབས་གོ་ཆ་ཡིས།།
གྲིབ་བསིལ་གཅིག་གིས་ས་ཀུན་བསིལ་བར་བྱས།།
ཕྱི་ཡི་ཤེས་བྱས་ཁྱེད་ཉིད་རབ་རུ་ཕྱུག
ནང་གི་ཤེས་བྱས་ཁྱོད་ཉིད་རབ་ཏུ་བརྗིད།།
གསང་བའི་ཡོནཏན་གསང་བ་བསམ་མི་ཁྱབ།།
ཁྱོད་ཉིད་འདི་ནས་བྲལ་བར་ཡིད་གདུང་ཆེ།།
ཁྱེད་ཀྱིས་བདག་ལ་ཕ་བཞིན་ལྟོ་གོས་སྩལ།།
དགེ་བའི་བཤེས་བཞིན་རིག་པའི་ལམ་དུ་བཙུད།།
བློས་ཐུབ་གྲོགས་བཞིན་སྐྱོན་ཡོན་སྦ་གསང་མེད།།
ཁྱོད་ཉིད་འདི་ནས་བྲལ་བར་ལྷག་པར་སྐྱོ།།
མུ་འཐུད་འགོད་རྒྱུ།
This entry was posted in Remembering Gene. Bookmark the permalink.

Comments are closed.