༈ རྗེས་དྲན་པད་དཀར་འདབ་བརྒྱད།

སྐུ་ནི་ནུབ་ཕྱོགས་ཨ་རིར་འཁྲུངས།།
ཐུགས་རྒྱུད་ཤར་ཕྱོགས་བོད་དང་འདྲེས།།
རྒྱ་བལ་འབྲུག་སོགས་ཀུན་ལ་བཅགས།།
གསུང་རབ་གཅེས་སྐྱོབས་མཛད་དེར་འདུད།།

ཁྱེད་ནི་མ་ཧཱ་པཎྜི་ཏ།།
འཇམ་དབྱངས་རྣམ་རྒྱལ་ཞེས་སུ་གྲགས།།
ངེས་པ་དོན་ལྡན་རིན་པོ་ཆེར།།
ཆེན་པོའི་ལུང་གིས་ཡོངས་སུ་བསྔགས།།

ཁྱེད་ནི་ལོ་ཀཱ་ཙཀྵུ་ཏེ།།
སཾ་བོད་ཧོར་སོགས་བརྡ་ལ་བྱང་།།
སྐད་མང་ཤན་སྦྱར་དྲ་རྒྱ་ཡི།།
དཔེ་མཛོད་འཕྲུལ་གྱི་མེ་ལོང་སྐྲུན།།

ཁྱེད་ནི་གྲུབ་པའི་སྐྱེས་བུ་སྟེ།།
མི་བརྗེད་གཟུངས་སྤོབས་དང་ལྡན་ཞིང་།།
ཁེངས་སྐྱུངས་བྱམས་ཤིང་ཕྱོགས་རིས་བྲལ།།
རང་དོན་ཀུན་སྤངས་ཚེ་མཐར་ཕྱིན།།

ཁྱེད་ནི་བཀའ་སྲུང་གཏེར་བདག་སྟེ།།
ཇི་སྲིད་ནམ་མཁའ་གནས་ཀྱི་བར།།
དེ་སྲིད་གློག་རྡུལ་གཏེར་སྒྲོམ་ནང་།།
གསུང་རབ་རྒྱ་མཚོ་གཏེར་དུ་བཅུག།

ཁྱེད་ནི་སྤྲུལ་པའི་གཏེར་སྟོན་ཏེ།།
ཡུལ་དུས་རིགས་ཀྱིས་མ་བཅད་ཅིང་།།
ལོངས་སྤྱོད་ཐོབ་ལ་མི་ལྟོས་པར།།
ལས་ཅན་ཀུན་ལ་དཔེ་གཏེར་འགྱེད།།

ཨེ་མའོ་མཁས་ཤིང་ཨེ་མའོ་གྲུབ།།
ཨེ་མའོ་སྲུངས་ཤིང་ཨེ་མའོ་སྟེར།།
བདག་སོགས་ཡིད་རངས་བསྟོད་བགྱིས་ན།།
དགེ་བས་རྒྱལ་བསྟན་དར་རྒྱས་ཤོག།

ཁྱད་པར་དཔེ་ཚོགས་ལྟེ་གནས་འདིར།།
མཐུན་རྐྱེན་ལྷུན་གྱིས་གྲུབ་པ་དང་།།
ལས་བྱེད་ལྷག་བསམ་དག་པ་ཡིས།།
མཛད་འཕྲིན་འདི་ཀུན་མཐར་ཕྱིན་ཤོག།

ཅེས་པའང་ཁྱེད་སྐུ་ཞི་བར་གཤེགས་ནས་དགུང་ཞག་ཞེ་དགུར་ཕེབས་པའི་དུས་ཚིགས་ཁྱད་པར་བ་འདི་ལ། དམ་པ་ཁྱེད་ཀྱི་འཁོར་གྱི་གྲལ་མཐར་འཁོད་པ་རྒྱལ་རྩེ་ནང་པ་ཆུང་བདག་ནས། ལྷག་བསམ་དག་པའི་རྗེས་དྲན་མཚོན་བྱེད་དུ་པད་དཀར་འདབ་བརྒྱད་ཀྱི་ཚིགས་སུ་བཅད་པ་འདི་བཞིན་ཕུལ་བ་དགེ་ལེགས་འཕེལ།།

This entry was posted in Remembering Gene. Bookmark the permalink.

Comments are closed.